འཚོལ་ཞིབ།

དྲ་ངོས་ཀློག་གྲངས

ཡིག་སྒྱུར།


མཛའ་བརྩེ་ཡོད་ན་འཚོ་བ་ཡོད།

མཛའ་བརྩེ་ཡོད་ན་འཚོ་བ་ཡོད།
འཇིག་རྟེན་མུ་མེད་བྱེ་མའི་ཐང་སྟོང་ནས།།ཚེ་སྲོག་རླུང་གིས་ཁུར་ཡང་སྐྱོ་ཉམས་ཅི།།མཛའ་སེམས་གསེར་གྱི་ཐག་པ་མ་ཆད་ན།།མི་ཡི་འཚོ་གནས་འདི་ལ་སུན་དོན་ཅི།།

འོད་དུ་འཚེར་བའི་སྐད་ཆ།

འོད་དུ་འཚེར་བའི་སྐད་ཆ།
ཁྱེད་ཀྱིས་ཡང་དག་ཡིན་མིན་འཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་འཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན

ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Powered by Blogger.

About Me

དྲ་ངོས་རྩོམ་སྒྲིག་པ། བདེ་འཚོ། དྲ་ཚིགས་བཟོ་བཀོད་པ།བསོད་ནམས་འོད་ཟེར།

སྒེར་གྱི་རྒྱུ་ཆ།

གཟུངས་ཕྱུག་སྐྱིད་ནི་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས། ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། སྔ་ཕྱིར་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་མྱོང་། ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད།

བཀླགས་གྲངས་མང་ཤོས།

Monday 24 March 2014

ཕ་ཡུལ།
གཟུངས་ཕྱུག་སྐྱིད།
རྒྱ་གར།

རླུང་གི་གཤོག་འགྲོས་ལས་ས་ཆེན་གྱི་འཁུན་སྒྲ་ཐོས་ཤིང
རི་བོའི་འགུལ་བསྐྱོད་ལས་གནམ་མཁའི་རྒྱ་ཁྱོན་མཐོང་དུས
བདག་གིས་ཁྱེད་ཁོ་ནའི་མཛེས་སྡུག་གི་མིང་བྱང་ཀློག་བཞིན
ཚེ་སྲོག་གི་གླུ་སྐད་ཅིག་རྒྱང་ནས་རྒྱང་དུ་བསྲིངས་འདོད

ཕ་ཡུལ་ཨ   དུས་ཚིགས་དང་ལོ་ཟླའི་གཙང་ངོགས་ནས
ཁྱེད་ཀྱིས་བདག་གི་སྐྱོ་ངལ་གྱི་བཞིན་རས་ལ་བྱིལ་བྱིལ་བྱེད་དུས
དུས་འགྱུར་དང་ས་ཁམས་ཀྱི་དབྱངས་འགྲོས་ཁྲོད་ནས
ཁྱེད་ཀྱིས་བདག་གི་དྲན་གདུང་གི་རྣམ་ཤེས་ལ་འབོད་པ་གཏོང་དུས

བདག་ལ་མི་ཚེའི་མྱོང་རྟོགས་ཀྱི་གཏམ་རྒྱུད་ཅིག་ཡང་བསྐྱར་དྲན་དུ་བཅུག་ཅིང
ཆེས་སྙིང་དུ་སྡུག་པའི་ཞོགས་པ་ཞིག་གི་འཛུམ་མདང་ཡང་བསྐྱར་གནང་བྱུང

ོ།
སྐབས་སྐབས་སུ་ང་ནི་རི་བོའི་ཚུལ་གྱིས
ཁྱེད་ཀྱི་བརྟན་བརླིང་གི་ས་གཞིའི་སྟེང་འཛུམ་གྱིས་འཕགས་འདོད་ལ
ཡང་ན་རྒྱ་མཚོའི་ཟོལ་གྱི
ཁྱེད་ཀྱིས་མངའ་ཐང་གི་དཀྱིལ་དབུས་སུ་དྭངས་གཙང་གིས་འཁྱིལ་འདོད

མིའི་རིགས་ཀྱི་དུང་བརྩེ་བརླག་བཞིན་པའི་ཁ་སང་གི་སྐྱོ་གར་དབུས་ནས
སྐྱེས་ཁམས་ཀྱི་དབུགས་རྩ་འགག་བཞིན་པའི་དེ་རིང་གི་སྡུག་ཡུས་ཀློང་ནས
འཚོ་གནས་ཀྱི་ལྗང་མདོག་ཡལ་བཞིན་པའི་སང་ཉིན་གྱི་དངངས་སྐྲག་ཁྲོད་ནས
                              
ཁྱེད་ཀྱིས་ཡང་དང་བསྐྱར་དུ་ང་ལ་མཛེས་སྡུག་གི་སེམས་གསོ་གནང་དོན་ཅི
ཁྱེད་ཀྱིས་ཡང་དང་བསྐྱར་དུ་ང་ལ་བསྐྱར་གསོན་གྱི་དབུགས་རྒྱུན་བསྩལ་དོན་ཅི

ཕ་ཡུལ་ལགས
ཁྱེད་ཁོ་ནས་གནང་བའི་བྱམས་བརྩེ་མིག་ཟུང་གིས
བདག་གི་ཁ་སང་གི་རྨི་ལམ་ལ་ངོ་མཚར་གྱི་རྟོགས་འཆར་བསྐྲུན་ཞིང་།
ཁྱེད་ཁོ་ནས་གྱེར་བའི་དབྱངས་འགྲོས་གཉོམ་པོས
ང་ཚོའི་དེ་རིང་གི་རུས་རྐང་ལ་ཟུངས་ཁྲག་གི་འཚོ་བཅུད་གནང་བྱུང

དུས་དང་བསྐལ་པའི་བར་བསྲིངས་པའི་ཁྱེད་ཀྱི་སྐྱེས་རབ་ཀྱི་ཐམ་ཀ་གང་དུ་ཡོད།
གནའ་ནས་ད་ལྟའི་བར་འབྲེལ་བའི་སྲ་མཁྲེགས་ཀྱི་རྒྱབ་རུས་དེའང་གང་དུ་ཡོད།

དོ་ནུབ    བདག་གིས་ཁྱེད་ཀྱི་མཐའ་མི་དཔོག་པའི་ནམ་མཁའ་གཡར་ནས
མི་ཡུལ་འདིའི་མཛེས་པ་གཞན་ཞིག་བཙལ་བཞིན་ཡོད་ལ
རླབས་ཆེ་བའི་ཁྱེད་ཀྱི་མིང་བྱང་དེ་སེམས་པར་གླན་ནས
འཇིག་རྟེན་འདིའི་བརྩེ་འདང་གཞན་ཞིག་ཀྱང་གླེང་འདོད

ཕ་ཡུལ་ལགས   བདག་གི་དུས་གསུམ་ན་བཀྲ་བའི་ལྗང་མདོགས་ཡ
ཡལ་བ་མེད་པའི་བསྐྱར་གསོན་གྱི་ཤུལ་ལམ་འདི་མཐོང་བ་ནས་བཟུང་།
གཞོམ་གཞིགས་བྲལ་བའི་ནང་སེམས་ཀྱི་དུངས་པ་འདི་རྙེད་པ་ནས་བཟུང་།
ང་ནི་ནམ་ཡང་ཁྱེད་ཁོ་ནའི་འཇིག་རྟེན་ནས་འཚོ་འདོད་ཡ
བདག་གི་དྲན་ཤིང་གི་གཏིང་རིམ་ན་མཐོ་རུ་འཕགས་པའི་ཕ་ཡུལ་ལགས།

༢༠༡༡ལོའི་ཟླ༩པའི་ཚེས་༡༧ཉིན་བྲིས།

Tuesday 2 July 2013
རྡོ་ལ་འཕྲུ་དཀར་རྙེད་པ།

དེ་རིང་ང་གངས་ར་ན་ཡོད།             
གྲོང་དང་གྲོང་ཚོ་བསྲེས་པའི་གངས་ར་ན་ཡོད།
སྐྱེས་དངོས་ཀྱིས་གྲོང་བརྡལ་འདེགས་བཞིན་པའི་གངས་ར་ན་ཡོད།
ཆབ་རྒྱུན་གྱིས་དབྱངས་རྟ་ཁྲོལ་བཞིན་པའི་གངས་ར་ན་ཡོད།
རྡོ་ལ་འཕྲུ་དཀར་རྙེད་པའི་དུས་ཚོད་ཀྱི་བར་གསེང་ན་ཡོད།

བཤད་རྒྱུན་ལ། གནས་འདིའི་རི་ཆུ་ནགས་གསུམ
གནའ་བོའི་རྒྱ་གར་པའི་སྙན་ངག་གི་བླ་སྲོག་འཁྱིལ་ས་ཡིན་ཟེར
གང་ལྟར་ཇ་ཁང་ངན་ངོན་ཞིག་གི་སྒོ་འགྲམ་ནས
ང་རང་ཆེས་ཐོག་མའི་ཁྱེད་ཀྱི་ངུ་སྐད་ཀྱིས་གཉིད་དུ་བཅུག་སོང
ཞི་འཇམ་དང་ལྷོད་བག་གིས་གཉིད་དུ་བཅུག་སོང

ཧ་ཅང་མཛེས་སྡུག་དང་ཡིད་འོང་གི་ཁྱེད
ལོ་རྒྱུས་ཤིག་གི་རུས་གསེང་ནས་ཚ་དྲོད་ཀྱིས་འབུས་པའི་ཁྱེད
རུ་བ་སུ་ཚང་གི་ཕུགས་སྲུང་ཡིན་ཆོག་པའི་ཁྱེད
དེ་རིང་འདི་ལྟར་རྡོ་ལ་རི་རྒྱུད་ཀྱི་ཐུ་འོག་ནས་རྙེད་བྱུང་

ཁྱེད་ལས་མང་པོ་མང་པོ་ཞིག་མཇུག་བསྡུས་ཟིན་ནའང
མང་པོ་མང་པོ་ཞིག་སླར་ཡང་འགོ་ཡང་བརྩམ་ཆོག་ཨང་

རྡོ་ལ་འཕྲུ་དཀར། ཀྲོང་ངེར་འགྱིང་བའི་རྡོ་ལ་རི་རྒྱུད
ཁྱེད་ཀྱི་བརྟན་བརླིང་གི་དཔུང་བ་ཡིན་ནམ
ཤག་ཤག་བཞུར་བའི་རྫ་ཆུ་སྔོན་མོ།
ཁྱེད་ཀྱི་དྭངས་གཙང་གི་སྐྱེས་ཁམས་ཡིན
ཡང་ན་ལྗང་ནེམ་ནེམ་གྱིས་སྨིན་པའི་སྐྱེས་དངོས་རེ་རེ
ཁྱེད་ཀྱི་སེམས་པའི་ནང་ནོམ་ཡིན

རྡོ་ལ་འཕྲུ་དཀར  དེ་རིང་fortisཧོ་ཁྲེ་སིའི་སྨན་ཁང་ནས་ཁྱེད་ཀྱི་ཚེ་སྲོག་རྙེད་བྱུང་
ངུ་སྐད་ཀྱིས་བསྐྱལ་བའི་ཁྱེད་ཀྱི་འཛུམ་མདངས་རྙེད་བྱུང
ད་དུང་དམར་རྗེན་རྗེན་གྱི་ཁྱེད་རང་ངོ་མ་རྙེད་བྱུང

འདི་ལྟར་རྙེད་པས    སུ་ཞིག་གི་ཁེར་རྐྱང་གི་རྨི་ལམ་ལ་ཡང་བསྐྱར་ལྗང་མདོགས་འབུས་ཤིང
སུ་ཚང་གི་གྱེས་གདུང་རྨི་ལམ་ལས་ཡང་བསྐྱར་མཛའ་བརྩེ་རྙེད་བྱུང་

རྒྱུ་མཚན   ང་ལ་རྡོ་ལ་འཕྲུ་དཀར་ཡོད
རྒྱང་དུ་བསྲིངས་ཆོག་པའི་རྡོ་ལ་འཕྲུ་དཀར་གྱི་འཛུམ་མདངས་ཡོད
རྒྱང་དུ་གྱེར་ཆོག་པའི་རྡོ་ལ་འཕྲུ་དཀར་གྱི་དབྱངས་རྟ་ཡོད
ད་དུང་ངོམ་ཆོག་ཆོག་གི་རྡོ་ལ་འཕྲུ་དཀར་གྱི་རྒྱང་སྨོན་ཡོད 

2013ལོའི་ཟླ༤ཚེས༡༦ཉིན་གངས་ར་ཧོ་ཁྲེ་སིའི་སྨན་ཁང་ནས་བྲིས། 

Sunday 12 May 2013

གངས་རིའི་སྐྱེད་ཡུམ།
རྒྱལ་ཡུམ་རྗེ་བཙུན་སྒྲོལ་མ་དག་སྣང་གིས་བཞེངས་ནས།།
 ཡུམ་ཆེན་བྲག་གི་སྲིན་མོའི་རྣམ་ཐར་ནས་བརྩམས་ཏེ།།
མ་གཅིག་ལབ་ཀྱི་སྒྲོན་མའི་མཛད་རིམ་ལ་མཇལ་དུས།།
སྐྱེད་ཡུམ་ལྷ་མོའི་ཚོགས་ཀྱི་རྟོགས་བརྗོད་དེ་མཚར་བ།།

འབྲོ་བཟའ་ཁྲི་མ་ལོད་ཀྱི་དཔའ་མཛངས་དེ་བཙལ་ནས།།
 བཙན་མོ་སད་མ་ཀར་གྱི་བློ་བཀོད་ལ་བསྔགས་བཞིན།།
ཚེ་སྤོང་མེ་ཏོག་བཟའ་ཡི་མཁྲེགས་འཛིན་ལ་དཔྱད་ན།།
ན་རིམ་བཙན་མོའི་ཚོགས་ཀྱི་ལོ་རྒྱུས་དེ་བརྗིད་ཨང་།།

མྱང་ཚ་དཀར་རྒྱན་ཁྲོས་པའི་བློ་སྤོབས་ལ་བལྟས་ཏེ།།
 ཨ་ཅེ་སྣང་ས་སྐྱོ་བའི་ངེས་འབྱུང་ལ་བརྟག་ནས།།
 གླིང་བཟའ་སེང་ལྕམ་འབྲུག་མོའི་སྐྱེས་འབྲས་ལ་གཞིགས་ན།།
གངས་ཅན་མ་ཡུམ་དག་གི་བཞུད་ལམ་འདི་མཚར་ཨང་།།

བྱམས་བརྩེའི་དྲིན་གྱིས་བསྐྱངས་པའི་མ་རྒན་ནས་བརྩིས་ཏེ།།
 དགའ་བའི་འཛུམ་གྱིས་བསུ་མཁས་སྨན་ཤར་གྱི་གྲོགས་མོ།།
འཇིག་རྟེན་བདེ་ལྡན་ཞིང་གི་ཁྱིམ་གཞིས་ལ་དཔག་ན།།
 བདེ་སྦྱིན་ཨ་མའི་ཚོགས་ཀྱི་རིན་ཐང་དེ་འཕགས་ཨང་།།
༢༠༡༡ལོའི་ཟླ་༢པའི་ཚེས་༢༡ཉིན་རྡ་རམ་ས་ལར་བྲིས།



Saturday 30 March 2013

རྒྱང་རིང་ནས་དྲན། 
ས་ཆེན་པོ་ལྗང་མདོག་གིས་བསླངས་པའི་ལོ་ཟླ་རེ་རེ
གསེར་ཏོག་གིས་བསྣུབས་པའི་ཁྱེད་ཀྱི་མངའ་ཐང་ཡིན་ནམ
དེ་རིང་འདི་ལྟར། ཁྱེད་རང་རྩྭ་ཐང་གི་སྙིང་ཁ་ནས་གཉིད་དུ་ཡུར་དོན་ཅི

སྲ་མཁྲེགས་ཀྱིས་འགྱིང་པའི་བཙན་པོའི་རྒྱལ་མཁར
པོ་ཏ་ལའི་རྡོ་སྐས་ཀྱི་ཚ་དྲོད་ལས་བཞུ་དུས
ལོ་ཟླས་ཟ་བཞིན་པའི་གླེགས་བམ་ཐེད་པོ་དེ་ཁྱེད་ཡིན་ནམ
ཁྱེད་ཁོ་ན།  སུ་ཞིག་གི་མིག་གི་གཏིང་མཐར་ལྷུང་ཞིང་
སེམས་ཀྱི་སྙི་སར་ཟུག་བྱུང  ང་ཡི་པོ་ཏ་ལ
Sunday 10 March 2013
  གླུ་སྐད་རྨས་མ་དེར་ཉན་རྗེས།

ཉིན་འདི་ཚོར།  གནམ་རུབ་བྱུང་།
འུར་ཟིང་དང་ཐལ་རྡུལ་གྱི་ཀློང་ནས་རུབ་བྱུང་།
རྫི་བག་དང་ཚུལ་འཆོས་ཀྱིས་དབུས་ནས་རུབ་བྱུང་།

གནམ་རུབ་པས
སའི་གོ་ལའི་སྟེང་གི་རླངས་པ་རྫོབ་པོ་དག་གང་སར་འབབ་ཀྱིན་འདུག
ལྷན་པ་སྣ་ཚོགས་བརྒྱབས་ཟིན་པའི་གདོང་འབག་དག་གིས
 ཅི་ཞིག་མ་རྙེད་པའི་མིག་ཟུང་གི་དབུལ་ཕོངས་གྱོན་ཏེ
མི་ཡུལ་འདིར་བྲེལ་ཤ་གཞན་ཞིག་བསླངས

ཤར་ནུབ་ཀྱི་ས་གཞི་ཧྲིལ་པོར།
འགག་ལ་ཉེ་བའི་ཀེང་རས་སྐམ་པོ་དག་གིས
ཅི་ཞིག་བཙལ་འདོད་ཀྱི་མིག་ཟུང་ཆེ་རུ་བགྲད་ཀྱང་།
སུས་ཀྱང་འཛིན་མ་ཐུབ་པའི་རང་བྱུང་ཁམས་ཆེན་པོ།
དབྱངས་འགྲོས་ཀྱི་ཟོལ་གྱིས་སུ་ཞིག་གི་སེམས་ཁོང་དུ་བཞུར་བྱུང་།
ཆེས་སྙན་འཇེབས་དང་དྭངས་གཙང་གིས་བཞུར་བྱུང་།

༢༠༡༣་ལོའི་ཟླ༢ ཚེས་༢༡

Thursday 7 March 2013

____སྟོང་ལོ༡༣ལོར་ཡང་བསྐྱར་ནད་ཀྱིས་བཟུང་།
 ནམ་མ་ལངས་པའི་ཡར་སྔོན་དུ།
མུན་པའི་དཀྱིལ་དབུས་སུ་ཡུན་རིང་ལངས་རྗེས།
ང་ཡང་བསྐྱར་ནད་ཀྱིས་བཟུང་སོང་།
དྲག་བསྐྱེད་དཀའ་བའི་ནད་རྙིང་དེས་བཟུང་བྱུང་།
Tuesday 5 March 2013
དུས་ཚོད་རེ་རེ་ཆུ་བོ་བཞིན་བཞུར་བྱུང་།
ཕྱིར་ཡོང་མེད་པའི་ལོ་ཟླ་དང་ལྷན་དུ།
མིག་རྡེབ་ཙམ་གྱིས།  བསམ་དབང་དྲན་དབང་མེད་པར།
ཉིས་སྟོང་བཅུ་གཅིག་གི་ནམ་གང་ཚེས་བྱུང་།
ཕུ་བོ་ལགས།   དོ་ནུབ་ངས་ཁྱེད་རང་དྲན་བྱུང་།
རྒྱང་ཐག་རིང་བའི་ཁྱེད་རང་དྲན་བྱུང་།
  རླུང་གི་གཤོག་འགྲོས་ལས་ས་ཆེན་གྱི་འཁུན་སྒྲ་ཐོས་ཤིང་
རི་བོའི་འགུལ་བསྐྱོད་ལས་གནམ་མཁའི་རྒྱ་ཁྱོན་མཐོང་དུས
བདག་གིས་ཁྱེད་ཁོ་ནའི་མཛེས་སྡུག་གི་མིང་བྱང་ཀློག་བཞིན
ཚེ་སྲོག་གི་གླུ་སྐད་ཅིག་རྒྱང་ནས་རྒྱང་དུ་བསྲིངས་ཡོད
ཁྱེད་ལ  འཛད་མཐའ་བྲལ་བའི་གོམས་འགྲོས་འདི་སུ་ཡིས་གནང་སོང་
ཁྱེད་ལ  འཇགས་སུ་མེད་པའི་འགྱུར་ཁུགས་འདི་སུ་ཡིས་བསྩལ་བྱུང
བདག་གི་ས་ཆེན་གྱི་སྙིང་ཁྲག་དམར་པོ་ཡ
དཔའ་མཛངས་ཀྱི་སྒལ་རྩ་སྲ་མོ་སུ་དང་འབྲེལ་ཡོད
བསྐྱར་གསོན་གྱི་རྣམ་ཤེས་རིང་མོ་སུ་ལ་བསྲིངས་ཡོད
སྐྱིད་ལ་སྡུག་པའི་མི་ཡུལ་འདིའི་ལག་མཐིལ་ནས
ང་ཁོ་ན  ཁེར་རྐྱང་གིས་བསླངས་དོན་ཅི
གཉིད་མི་ཁུག་པའི་གནམ་མཁའ་རིང་མོ་ཡ
ཁྱེད་ནི་སུ་ཞིག་གིས་ཆེད་དུ་ཁུར་དགོས་པའི་ཉེས་ཆད་ཡིན་ནམ